Thursday, November 26, 2009

འོད་སྣང་གིས་བསླངས་པའི་གླེང་བརྗོད།

དྭངས་གཙང་ཆུ་ཤེལ་དཀར་པོའི་ཚང་མལ་དུ།
ལྕི་བའི་གླུ་སྒྲས་ཏིང་འཛིན་མལ་ལས་དཀྲོགས།།
མདུད་ནག་དགུ་བརྩེགས་ཐེབས་པའི་རྨི་ལམ་གྱིས།།
ཐལ་སྐྱས་མཐར་ཤན་རྒྱན་པའི་མདོ་རོང་དུ།།
མུན་པའི་རྒོལ་ཚོགས་འཇོམས་པའི་འགན་འཁྲི་སྤྲོད།།


གོ་ལ་ཕྱིར་འཁོར་རྒྱག་པའི་རླུང་འཚུབ་ཁྲོད།།
མཆོད་མེས་བཙན་འཛུལ་བྱ་བར་དགོད་བྲོ་ཡང་།།
ཉི་ཟླ་གོ་ལྡོག་འཆར་བའི་མུན་གླིང་ནང་།།
སྨག་བའི་ཧར་སྒྲ་རྒོད་པའི་ཐལ་འཚུབ་ཁྲོད།།
འཚེར་འབར་མར་མེའི་རིན་ཐང་ད་གཟོད་རྟོགས།།

འགུལ་བསྐྱོད་ཡོད་ཚད་འཛུམ་ཀོང་ནང་དུ་བསྡུས།།
འཛུམ་ཀོང་ནང་ནས་སྣ་ལྔའི་འོད་བཀྱེད་དེ།།
སྔོ་ལྗང་འཆི་ལམ་འདེད་པའི་རླུང་འཚུབ་ཀྱི།།
དུས་བཞིར་གནས་མལ་བཟུང་བའི་བའི་མྱ་ངམ་ཐང་།།
སེར་པོའི་གསེར་མདོག་འབར་བའི་ཕ་སར་བསྒྱུར།།

དགོད་སྒྲས་མཚན་མོར་བརྒལ་བའི་སྙིང་སྟོབས་འདི།།
རྟག་པའི་འཛུམ་གྱིས་བསྐྲུན་པའི་དཔེ་གསར་ཉིད།།
གསར་བྱུང་འགྲམ་ཆུ་སྡང་པའི་འདབ་ཆགས་ཁྱུས།།
ཟླ་ངོགས་བཞག་པའི་རྐང་པའི་རྗེས་དེད་ནས་།།
རྟག་པའི་འཛུམ་ཀོང་རྒྱབ་ཀྱི་གསང་བ་འཚོལ།།

དགོད་འཛུམ་གནས་ལུགས་རྙེད་པའི་མི་བུ་ཚོས།།
ཁྱེད་ཁྱེད་ཉིད་ལྡེ་མིག་སྤྱོད་ཅིང་ལྡེ་མིག་སྒོམ།
།བདེན་གྲུབ་སྲོག་ཤེད་དར་བའི་སྒོ་མང་འབྱེད།།
འོདསྣང་གསལ་ལེ་འཁྱིལ་བའི་མར་མེའི་ངོགས།།
ཁྱེད་ཀྱི་དགོད་འཛུམ་མུན་ཁྲོད་མིག་སྔར་འགྲེལ།།


ཁྱེད་ཉིད་གང་བསྐྱོད་དགའ་བའི་ཐལ་སྒྲ་རྣམས།།
རྟག་པའི་འཛུམ་ཀོང་ལས་བཏུས་འོད་སྣང་ཡིན།།
ཁོ་བོ་གང་བསྐྱོད་རྒོལ་བའི་ཅོ་སྒྲ་རྣམས།།
ཁྲོ་གཉེར་གསུམ་བརྩེགས་བར་གྱི་ཐལ་རྡུལ་ཡིན།།
འདི་ལྟར་ཁྲོ་འཛུམ་གཉིས་ཀྱིས་ཁྱེད་གཉིས་དབྱེ།

No comments:

Post a Comment